སྟག་རི་གཉན་གཟིགས།
༢༥༽ དེ་ནས་རྒྱལ་པོ་ཡབ་ཡུམ་དང་བློན་པོ་བཅས་ཀྱིས་གཞན་ལ་མཛེ་ནད་མི་འགོས་ཆེད་ཡར་ཀླུང་ཞང་མདར་བང་སོ་བརྩིགས་ཏེ་བཞུགས་པས། བང་སོའི་མིང་ལའང་གསོན་མཆད་ཟླུམ་པོ་ཞེས་གྲགས། དུས་དེ་ནས་མཛེ་ནད་ཅན་ལ་ནད་ཁྲིམས་དེ་འདྲ་དར་བར་བཤད།
༢༦༽ སྲས་ཀྱིས་འ་ཞའི་ཡུལ་ནས་སྨན་པ་མཁས་པ་གདན་དྲངས་ཏེ་སྨན་བཅོས་གནང་བས། སྤྱན་བཅོས་ཐུབ་པ་བྱུང་སྟེ། སྤྱན་ཕྱེས་མ་ཐག་མདུན་གྱི་སྟག་མོ་རི་ན་རི་དྭགས་གཉན་ཞིག་འགྲོ་བ་གཟིགས་པས། མཚན་ལའང་སྟག་རི་གཉན་གཟིགས་ཞེས་གྲགས།
༢༧༽ སྐབས་དེར་བོད་ཡུལ་དུ་རྒྱལ་ཕྲན་མང་པོ་ཡོད་ཅིང༌། རྒྱལ་ཕྲན་མང་པོ་གཅིག་འོག་གཅིག་མ་འདུས་པ་ལྟ་བུར་ཡོད་སྟབས། སྟག་རི་གཉན་གཟིགས་ཀྱིས་རྒྱལ་སྲིད་བརྟན་རྒྱས་ཆེད་རྒྱལ་ཕྲན་སིལ་མ་རྣམས་དྲག་ཤུགས་ཀྱིས་གཅིག་སྡུད་མཛད་པའི་བྱུས་རྩ་བཏིང༌།
༢༨༽ ཡུན་རིང་མ་འགོར་བར་བཙན་པོས་བན་པ་རྗེ་དང༌། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་སོགས་རྒྱལ་ཕྲན་དུ་མར་དྲག་ཤུགས་ཀྱིས་དབང་དུ་བསྡུས་པ་མ་ཟད། ཉང་སྦས་གནོན་གསུམ་ཡང་བཙན་པོའི་འབངས་སུ་ཚུད།
༢༩༽ སྟག་རི་གཉན་གཟིགས་དང་བཙུན་མོ་སྟོང་བཙུན་འབྲོ་དཀར་ལ། ཆུ་བྱི་(ཕྱི་ལོ་༥༩༢)ལོར་རིགས་སྲས་ཤིག་འཁྲུངས་ཤིང༌། སྲས་ཀྱི་མཚན་ལ་གནམ་རི་སྲོང་བཙན་གསོལ། དེ་རྗེས་རིམ་པས་གཅུང་སློན་ཀོལ་གཉིས་ཀྱང་འཁྲུངས།